སྐྱ་སེར་དམར་གསུམ་ཚིག་གི་རྩེད་མོ།
ཀ་ཆེན་བོན་རྒྱས་རྒྱ་ཆེན་བཤད་ནའང་།།
ཁ་རྒྱགས་ཆོ་མེད་ཅིག་གི་སྣེ་མོ་ཡིན།།
ག་དུས་ཡིན་ཡང་ཡིན་མདོན་སྟོན་ནའང་།།
ང་ལ་ཐུག་ན་ང་རྒྱལ་དེ་ཙམ་མེད།།
ཅ་ལ་འདོག་སའི་སྐྲ་ལོ་མེད་ནའང་།།
ཆ་ལུགས་རྒད་པོ་ཞིག་ལ་རེ་བ་ཁོར།།
ཇ་ཐང་རྩམ་ཐང་ཙམ་གྱི་ང་རྒྱལ་ལས།།
ཉ་རྒྱས་ཟླ་བ་ལྟ་བུའི་ཡོན་ཏན་མེད།།
ཏ་ལེ་བླ་མའི་བཀའ་དྲིན་སྐུ་དྲིན་ལ།།
ཐ་སྙད་སྐམ་པོས་རྩོམ་ཡིག་འབྲི་ཞོར་ལ།།
ད་དུང་ང་ལ་ཁ་རྒྱགས་བཤད་པ་ཁོ།།
ན་ནིང་སློབ་གྲྭར་ཚུད་པའི་སློབ་མ་འདྲ།།
པ་ལའི་གོམ་ཚེགས་ལེན་ན་མ་འདོད་པར།།
ཕ་རོལ་དགོན་ལ་བྲོས་བའི་བླ་རྒན་དེ།།
བ་ལང་བོང་བུ་འཚོ་བར་སུན་པ་ལས།།
མ་གྱུར་འགྲོ་བའི་དོན་དུ་ག་ལ་ཡིན།།
ཙ་གེ་ཙིག་གེ་བྲིས་ན་ངར་ངར་འདྲ་ཡང་།།
ཚ་འདེད་དྲག་འདེད་བྱས་ན་ངོ་མདངས་འཆོར་བའི།།
ཛ་མ་ལ་ཡི་སྤྱོད་པ་དང་དོད་ཆེ་ཡང་།།
ཝ་སྐྱེས་སྡར་མ་དེ་ལ་ཡ་མཚར་མི་འདུག།
ཞྭ་མོ་སེར་བོ་གོན་ནས་དགོན་ལ་སོང་ཡང་།།
ཟ་འདོད་ཧམ་པ་ཆེ་བས་སྡོད་དུ་མ་བཅུག།
འ་ཅག་བོད་པ་ཟེར་བཞིན་རྡ་སར་བྲོས་ཀྱང་།།
ཡ་མཚར་སྤྱོད་པའི་རྐུབ་ལ་ཁ་གཅོད་མི་འདུག།
ར་མ་རྒྱ་མོའི་མགོ་ལ་གཟན་ཤམ་དཀྲིས་ནས།།
ལ་ལུང་ཀུན་དུ་རྒྱུག་པ་རྩྭ་ཡི་དོན་ལས།།
ཤ་ཁྲག་གདོད་རྒྱུད་གཅིག་པའི་རིགས་ཞེན་མིན་པ།
ས་ཁྱབས་སེམས་ཅན་ཚང་མའི་མདུན་ལ་བཤམས་འདུག།
ཧ་ཅང་མཁས་མདོག་བྱས་པ་གླེན་རྟགས་ཙམ་ལས།།
ཨ་ཨ་ཡ་མཚན་བསམ་བྱེད་ཅི་ཡང་མི་འདུག།
ཨ་དགེ་དང་བོན་རྒྱའི་བླ་རྒན་ངེད་ཚོས་དྲ་ཐོག་ནས་མཉམ་དུ་བྲིས། འབྲི་དུས་མཉམ་ལ་འབྲི་རྩལ་མཉམ།
འདོན་སྤེལ།: ༢༠༡༡/༠༢/༡༣
ཨ་མཆོད་ལ་བྲིས་བའི་ཀ་མཆོད།
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལ་ལན་དུ་བྲིས།
ཨ་མཆོད་ཨ་ཧ་མོ་འདིའི་བཤད་ཚུལ་ལ།།
ཧ་ཤང་བླ་མའི་རིགས་རྒྱུད་མིན་པ་འདྲ།།
ས་ཆ་གང་གི་ཡིན་མིན་མི་ཤེས་ཏེ།།
ཤ་ཟ་གདོང་དམར་ཚང་གི་ཡིན་པ་འདྲ།།
ལ་ལུང་ཆོལ་ཁའི་དབྱེ་བ་མི་ཤེས་ཏེ།།
ར་ཛྭིའི་ནྭ་མའི་ཡུལ་ནས་ཡིན་པ་འདྲ།།
ཡ་མཚན་མེད་པའི་ཚིག་གྲུབ་བཟོ་སྟངས་ལ།།
འ་ཅག་མཁས་བའི་གྲས་སུ་མེད་པ་འདྲ།།
ཟ་སྐད་འཐུང་སྐད་ཙམ་ཞིག་ཤེས་ཚུལ་ལ།།
ཞྭ་སེར་ཚང་གི་གྲྭ་ཟུར་ཡིན་པ་འདྲ།།
ཝ་མོ་གྱ་ཡག་ཅིག་གི་བཤད་ཚུལ་འདི།།
ཛ་དྲག་མིན་ཡང་རྫུན་གཏམ་ཡིན་པ་འདྲ།།
ཚ་བ་ཅན་ནས་རྒྱས་བ་བཤད་ཚུལ་འདི།།
ཙ་ཡ་ཞིག་གི་བཟོ་ལྟ་མིན་པ་འདྲ།།
མ་རབས་མིན་ཡང་ཁ་རྒྱགས་ཆེ་བ་འདི།།
བ་རྫི་བོང་རྫིའི་གཤིས་ཀ་ཡིན་པ་འདྲ།།
ཕ་མ་མ་ཤི་སྔོན་ལ་གཡུག་པ་འདི།།
པ་རྒྱ་རྒྱ་རྒན་ཚོ་ལ་སྐྲག་པ་འདྲ།།
ན་ནིང་ཡུལ་ནས་བྲོས་ཏེ་ཡོང་བ་ན།།
ད་ནི་ཁ་རྒྱགས་བཤད་རན་མིན་པ་འདྲ།།
ཐ་སྙད་ཁ་ཤས་ཤེས་བའི་ང་རྒྱལ་ཡང་།།
ཏ་ལེ་བླ་མའི་སྐུ་དྲིན་ཡིན་པ་འདྲ།།
ཉ་གེ་ཉོག་གེ་བྲིས་ནས་འདུག་ཚུལ་ལ།།
ཇ་དང་ཆང་གི་སྦྱིན་བདག་མང་བ་འདྲ།།
ཆ་མེད་མི་ལ་མཁས་བཤད་བྱེད་ཚུལ་ལ།།
ཅ་ནེ་གཞུང་གིས་སྤྲད་པ་བརྗེད་པ་འདྲ།།
ང་ལ་ཆ་རྒྱུས་དེ་ཙམ་མེད་ཚུལ་ལ།།
ག་ཤེད་ཅིག་ནས་གཉིད་དེ་བསྡད་པ་འདྲ།།
ཁ་ན་ཆོས་ཚིག་འགའ་ཡང་ཡོད་ཚུལ་ལ།།
ཀ་ཡེ་བླ་རྫུན་ཞིག་ཀྱང་ཡིན་པ་འདྲ།།
ཨ་ལ་ཀུ་རེ་ཡིན་ནོ་བླ་བྲང་དགོན།།
ཧ་ཧ་ཐུགས་རྒྱལ་མ་བཞེངས་གྲྭ་ཚང་སྟོང་།།
འདོན་སྤེལ།: ༢༠༡༡/༠༢/༡༣
ག་རྩོམ་རྡོ་རྗེ་བྲག
ཀ་རྩོམ་བཙིར་མ་ཞིག་བོན་རྒྱས་དྲ་ཐོག་ལ་བཀོད་པས།།
ཁ་སྣོན་ཚིག་འགའ་ངས་མི་འབྲི་ཐབས་མེད་རང་ཆགས་སོང་།།
ག་ཡང་གླེན་པ་ཞིག་རྩ་བ་ལུང་བ་ནས་མིན་ཡང་།།
ང་ཚོ་མཁས་བ་ཚོའི་ནང་གི་སྙི་སེ་བོ་འདི་ཡིན།།
ཅ་དག་གཟན་ཤམ་གྱིས་བརྒྱན་པའི་ཨ་དགེ་ཡི་འཕྲོ་ནས།།
ཆ་ལུགས་གཞན་པ་དང་མཐུན་ནོ་ལྷ་ཆབ་པ་ཁོ་ཡིན།།
ཇ་ཆང་ཤ་མར་ལ་གོམས་པའི་གསལ་ལེ་ངའི་འཕྲོ་ནས།།
ཉ་ལྟར་ཟ་འཐུང་ལ་བྲེལ་བ་བསྟན་རབ་པ་གན་ཡིན།།
ཏྭ་ལེ་བླ་མ་མཆོག་གུས་ཚིག་གང་མང་གིས་བཀུར་སྐབས།།
ཐ་སྙད་བླ་རྒན་སོགས་ལམ་ཁ་མང་བོ་ན་འགོག་སྐབས།།
ད་ནི་སྤྱི་ཚོགས་འདིར་སྐད་ཆ་བཤད་དབང་ཡང་མེད་མོད།།
ན་གཞོན་ང་ཚོ་ཡི་སྨྱུ་གུ་སུ་ཞིག་གིས་འཕྲོག་ཐུབ།།
པ་རྒྱ་པ་ཁོ་ཞེས་རང་རང་བཀྱགས་པ་ནི་མིན་མོད།།
ཕ་རོལ་གླེན་པ་ཚོར་བལྟས་ན་མཁས་དབང་ཞེས་འབོད་ཆོག།
བ་ལང་ཤ་ཟན་ཞེས་སྡིགས་དང་མ་སྡིགས་ཅང་མེད་པས།།
མ་གྱུར་སེམས་ཅན་ཞེས་གཅེས་ན་འོས་མཚམས་རང་མཐོང་སོང་།།
ཙ་རིའི་གནས་སྐོར་ན་དད་པ་རྒྱ་དམག་གིས་འགོག་སྐབས།།
ཚ་བའི་ལུང་བ་ན་བོད་ཡིག་གད་སྙུགས་སུ་གཡུག་སྐབས།།
ཛ་དྲག་མྱུར་སྐྱོབས་ལ་འབད་མཁན་ང་ཚོ་ལས་མེད་པས།།
ཝ་སྐྱེས་སྡར་མ་ཞེས་འབོད་ན་ཁ་ནང་ལ་རྒྱག་ག།
ཞ་བོ་གྱོལ་བོ་ནི་མིན་ཡང་སྦྱིན་བདག་གིས་གསོ་བའི།།
ཟ་འཐུང་ཧམ་པ་ཅན་ཚོ་ལ་རེ་བ་ཅང་མེད་མོད།།
འ་ཅག་མཁས་བ་ཡི་ནང་གི་ལྟ་བ་ཅན་ཚོ་ལ།།
ཡ་གིའི་ཁྲི་ཐོག་གི་རྒྱ་ཆེན་རྒྱས་བ་དེ་མི་འགྲོ།
ར་སྒྲེང་སྟག་སྒྲེང་གི་ལོ་རྒྱུས་སྙིང་ནད་དུ་གྱུར་བའི།།
ལ་ལུང་མང་བོ་ལ་ཉུལ་བའི་སྙན་ངག་པ་ང་ཚོ།།
ཤ་ཟ་གདོང་དམར་བ་ཚང་གི་སྨན་པ་དག་ཡིན་པས།།
ས་ཕྱོགས་གང་ཞིག་ནས་བསྡད་ཀྱང་ང་རྒྱལ་གྱིས་ལང་ཆོག།
ཧ་ཅང་སྤོབས་པ་ཡིས་བྲིས་བའི་སྙན་ངག་འདིའི་ནང་ལ།།
ཨ་ཕོ་ལུག་རྫི་ཡི་ཁ་ཕོ་ཏིལ་འབྲི་ཙམ་བཞག་མེད།།
ཧ་ཅང་མཁས་བ་ཡིན་ཟེར་མཁན་ཞིག་དྲ་ཐོག་ན་ཡོད་ཚེ།།
ཨ་ལེ་ད་ལྟ་རང་ཕེབས་དང་ལྟད་མོ་ཞིག་སྟོན་ཆོག།
མགྲོན་འབོད་དབྱངས་ཅན་དགའ་མའི་དགྱེས་སྟོན།
ཀ་སྣ་སུམ་ཅུ་ཡི་ཐོག་ལ་དབྱངས་ཡིག་བཞི་སྦྱར་ནས།།
ཁ་ཟས་རྩམ་པ་བཞིན་མཛུབ་མོ་ལྔ་བོ་ཡིས་བརྫིས་ཡོད།།
ག་ལེར་གྲོགས་པོ་ཚོ་མགྲོན་བསུའི་སྟ་གོན་ལ་ཞུགས་དང་།།
ང་ཡིས་དབྱངས་ཅན་མ་བོད་པའི་གདན་ཐོག་ལ་འཁྲིད་ཡོང་།།
ཅ་དག་ཚིག་གྲུབ་ཞིག་བཟོ་བའི་གོམས་གཤིས་ལ་འབད་དེ།།
ཆ་རྐྱེན་གཙོ་བོ་དེ་སུམ་རྟགས་དག་གསུམ་ལ་སྦྱོངས་དང་།།
ཇ་ཆང་ཤ་མར་ལ་ཆ་རྒྱུས་དེ་ཙམ་རང་མེད་པའི།།
ཉ་གང་ཟླ་བ་བཞིན་མཛེས་བའི་ལྷ་མོ་དེ་ངས་འགུག།
ཏ་ལའི་ལོ་མ་ཡི་གདན་ལ་ཡིན་རིང་དུ་བཞུགས་ཤིང་།།
ཐ་སྙད་སྐམ་པོ་ཡི་སྐེ་རྒྱན་རྨུ་ཐག་བཞིན་དཀྲུས་བའི།།
ད་ལྟ་བོད་པ་ཚོས་སྨོན་པའི་རྒྱ་གར་མ་དེ་ཡང།།
ན་གཞོན་ང་འདྲ་ཞིག་སོང་ན་དཀའ་རྒྱུ་ད་མེད་པྭ།།
པ་སངས་སྐར་མ་བཞིན་ས་ཆ་ཐག་རིང་ཞིག་མ་རེད།།
ཕ་སྣེ་རྒྱ་གར་ནི་དུས་ཚོད་བཅུ་ཙམ་གྱི་ལམ་རེད།།
བ་ནི་མ་རེད་ཅེས་སེམས་ཤུགས་ཆགས་དོན་ཅང་མི་འདུག།
མ་སོང་སྔོན་ལ་ཡང་རང་ལ་ལྟ་ཡག་ཅིག་བྱས་ཡོད།།
ཙ་རིའི་གནས་མཆོག་ནས་ཡོང་བའི་སྙན་ངག་པ་ང་ལ།།
ཚ་བའི་ལུང་བ་དེར་ཆ་རྒྱུས་མང་བོ་ཞིག་ཡོད་པས།།
ཛ་ཏི་ཇ་སྒ་སོགས་འོ་ཇ་མངར་མོ་རུ་བླུགས་ན།།
ཝ་མོ་ཤ་ཚིལ་ལ་འཁོར་བ་བཞིན་འགུག་ཐབས་ཤིག་ལོས་ཡོད།།
ཞྭ་མོ་ཟུར་གོན་ཞིག་བྱས་ནས་འབྲོག་ཚུགས་ཤིག་སྟོན་དང་།།
ཟ་འཐུང་རྡ་ལི་ལ་རོལ་སྐབས་མཛུབ་མོ་ལྔས་ཟ་དང་།།
འ་ཅག་བོད་པ་ཚོའི་བྱམས་དང་སྙིང་རྗེ་དེ་བཤད་དང་།།
ཡ་རབས་ཚུལ་ལྡན་ཞིག་ཡིན་པ་རིག་བཟང་མས་ཤེས་པྭ།
ར་ལྗ་ར་ནེ་ཡི་གཏམ་རྒྱུད་ཐེངས་གཅིག་ལ་བཀླག་དང་།།
ལ་ལི་ཀེ་ལ་ནས་པུ་ཝང་རྫུན་མ་ཞིག་ཉོ་དང་།།
ཤ་ཚད་ལུས་ཚད་ཀྱི་གླང་རྫིའི་དོར་མ་ཞིག་སྐོན་དང་།།
ས་ཕྱོགས་འདི་ས་ལ་བོས་ན་ཡོང་བ་པྭ་འདོད་ཀི།
ཧ་ཅང་ཕྱུག་པོ་ཞིག་ཡིན་པའི་བཟོ་ལྟ་དེ་སྟོན་དང་།།
ཨ་སྒོར་ཁ་ཤས་ཀྱི་སྣེ་མོ་ཨེབ་ཞིག་གིས་ངོམ་དང་།།
ཧ་ལོ་མཛེས་མ་ཞེས་དབྱིན་སྐད་འཁྱར་འཁྱོར་དེ་བཤད་དང་།།
ཨ་ཡེ་ལ་ཧྥུ་ཡུག་ཁ་ནས་ཆུ་རྒྱུག་རྒྱུག་ཡིན་པྭ།།
ར་ལྗ་ར་ནེ་་་་་རྒྱལ་བོ་དང་རྒྱལ་མོ།
ལ་ལི་ཀེ་ལ་་་་ཅ་ལག་རྙིང་བ་ཉོ་སའི་ཁྲོམས་ར་ཞིག
ཧ་ལོ་་་་དབྱིན་སྐད་ཀྱི་འབོད་སྒྲ།
ཨ་ཡེ་ལ་ཧྥུ་ཡུག་་་་་ང་རང་ཁྱོད་ལ་དགའ།
écrire commentaire
Commentaires: 1
གློག་ཞགས། (vendredi, 18 février 2011 15:20)
ཨ་རོགས། རུ་ནང་ང་ཤོག་ར་ཅིག་གི་མྱི་སྐད་བཤད་ཀྱིན་འདུག