ཕ་ཡུལ་དྲན་སྟངས་གཞན་ཞིག
དྲ་ཐོག་གི་སྨྱུག་ཐོགས་པ་ཚོས་སྨྱུག་ཁ་སྐོར་སྟངས་འདི་མཐོང་ན་ངས་ཕ་ཡུལ་གྱི་ན་ཟླ་ཚོ་ཤིན་ཏུ་དྲན། བར་སྐབས་ཤིག་ལ་ངའི་ཕ་ཡུལ་གྱི་ནོར་རྫི་ལུག་རྫི་ཚོས་རྡུང་རེས་བྱེད་མི་ཐུབ་ནའང་གྲི་ལྡིག་རེ་བཏགས་ནས་འགྲོ་ལ། ད་དུང་མགོ་སྐོར་ཞིག་ཀྱང་བཟུང་ནས་འགྲོ། དེ་བས། ཅི་ཡང་འབྲི་མི་ཤེས་བའི་དྲ་ཐོག་གི་སྨྱུག་ཐོགས་པ་ཚོ་མཐོང་ན་ངས་ཕ་ཡུལ་དང་ཕ་ཡུལ་གྱི་ལོ་ཟླའི་དུམ་མཚམས་ཤིག་ཧ་ཅང་དྲན།
དྲ་ཐོག་གི་སྙན་ངག་མིན་པའི་སྙན་ངག་འདི་དག་ཀློག་བཞིན། ཚིག་གྲུབ་དེ་དག་གི་རྒྱབ་ལོགས་ན་སྣང་བརྙན་གསོན་པོ་ཞིག་ཡོད་པའི་རེ་བ་བྱེད་བཞིན་པ་དེ་མཐོང་ན། ཞིང་བ་རྒན་མོ་ཞིག་གི་ལག་མཐིལ་བཞིན་གས་ཆག་ཤོར་བའི་ངོ་ལྟ་ཞིག་ཕུ་ཐུང་གི་ལྟེབས་བརྩེགས་བར་ནས་བླངས་ཏེ་ལུག་རྫི་བུ་མོ་ཚོས་དེའི་ནང་ལ་མཉམ་དུ་ལྟ་བཞིན་པའི་དབྱར་གཞུང་ཞིག་ཧ་ཅང་དྲན།
མི་གཤིས་དང་གོམས་གཤིས་ལ་རི་ཐང་བཅད་པའི་གོང་ཚད་མ་མཐུན་པར་ངར་གྱིས་ལངས་ནས་ཤགས་འགྱེལ་བྱེད་བཞིན་པའི་དྲ་གྲོགས་དེ་དག་མཐོང་ན། གཡང་མོ་མཚོ་གནས་ལ་བྱིན་རྗེས་ནུ་རིན་གྱི་གོང་ཚད་མ་འགྲིག་པར་ཞང་འཛིན་གཉིས་ཀའི་ངོ་མདངས་འགྱུར་བཞིན་པའི་ཕྱི་དྲོ་ཞིག་ཧ་ཅང་དྲན།
མིང་རྫུན་གྱི་འོག་ལ་འཛུལ་ནས་དྲ་རྒྱའི་གྲུ་ཟུར་རེ་རེ་ནས་ཀུ་རྒྱང་རེ་བྱས་རྗེས་གར་སོང་མི་ཤེས་བའི་མཆན་འདོགས་མཁན་དག་མཐོང་ན། ཕོ་གསར་མང་བོས་ཀུན་བཟང་སྐྱིད་ཀྱི་རུམ་ཁ་ནས་འཐེན་བཞིན་གསལ་ལེ་རྒྱལ་ལ་ཁྲེལ་གཞུང་མེད་པའི་གསལ་བཤད་བྱེད་བཞིན་པའི་སྟོན་ཁའི་མཚན་མོ་ཞིག་ཧ་ཅང་དྲན།
ལད་རྩོམ་མང་བོ་ཞིག་གི་ནང་ལ་ཡིག་ནོར་ཆེན་པོ་རེ་བྲིས་ཏེ་དྲ་ཐོག་ལ་བཀོད་རྗེས་ངའི་སྙན་ངག་ཅེས་ཁྱབ་བསྒྲགས་བྱེད་བཞིན་པའི་དྲ་ཕྲུག་ཚོ་མཐོང་ན། སྐྱ་བྷ་འགས་ཁྱིམ་མཚེས་ཚང་གི་ར་ལུག་འགའི་སྐེ་ལ་ཐགས་པ་བཞག་སྟེ་རྒྱ་སྲང་གི་བཞི་མདོ་ན་ཚོང་སྐད་བཤད་བཞིན་པའི་ཉིན་གུང་ཞིག་ཧ་ཅང་དྲན།
དྲ་རྒྱའི་ཁ་འབྱེལ་ཐེངས་རེར། རྒད་པོ་འགས་རྟ་རྒན་ཞིག་གི་སྟོད་ཐག་བརྩད་དེ་རྡོ་རྒན་རེ་པགས་རྩག་གི་ཕུ་ཐུང་དང་མཉམ་དུ་གནམ་ལ་འཕྱར་ནའང་རྒྱག་མ་ཐུབ་པར་ཕན་ཚུན་ལ་ཕུད་རྒྱག་བྱེད་བཞིན་པའི་དགུན་ཟླ་གྲང་མོ་ཞིག་གི་ཞོགས་པ་རྟག་ཏུ་དྲན། ད་དུང་ཨ་ཕས་ཡང་དང་བསྐྱར་ཏུ་བཤད་མྱོང་བའི་ང་བརྒྱད་ལོའི་མུ་གེ་དེའང་དྲན་ཡོང་གིན་འདུག
འདོན་སྤེལ།: ༢༠༡༡/༠༢/༡༨
