སྙིང་གི་ཚི་ལུའི་ཚིལ་ལན།
རྒས་གཉེར་གྱིས་བཀབ་པའི་ངོ་གདོང་དང་ས་རྡུལ་གྱིས་གཡོག་པའི་མེ་ལོང་གཉིས་ཁ་གཏད་དུ་ལང་ནས་ཕན་ཚུན་ལ་ཡུན་རིང་ཅེར་རྗེས། རང་ཉིད་ངོས་མ་ཟིན་པའི་བེམ་པོ་དེའི་ལྟེབས་ཁུག་ནས་འཕུར་བའི་སེམས་པ་ཞིག་ངའི་གྲིབ་གཟུགས་ལ་འཐུམས་སོང་ཟེར། གཟན་ཤུབ་གྱིས་བཏུམ་པའི་བེམ་པོ་ཞིག་དྲ་ལམ་གང་མང་ན་ངའི་ཕྱོགས་སུ་གཡུག་བཞིན་པ་མཐོང་ནའང་། ཐག་རིང་ནས་མཐོང་ཚེ་རྒྱུག་ཡོང་ལ་ཐག་ཉེ་ལ་སླེབས་ཚེ་བྲོས་འགྲོ་བ་དེ་ངས་བླ་རྒན་ཞིག་གི་རྩེད་མོར་རློམ་ཡོད། གང་ལྟར་ང་རང་ཨ་རིར་འབྱོར་བ་དེས་མི་ལ་ལའི་རྨི་ལམ་འཁྲིགས་ཡོད་པ་འདྲ་ལ་ཁ་ཤས་ཀྱི་འཆར་གཞིའང་འཐོར་ཡོད་པ་འདྲ་མོད། ཡིན་ནའང་ང་ལ་ཉེས་བ་ཅི་ཡང་མེད་དེ། ཁམས་འདྲི་ཞིག་བྱས་བ་རིགས་ཞེན་ཡིན་ལ་གུས་ཕྱག་ཅིག་ཕུལ་བ་དད་པ་ཡིན། ད་དུང་གསལ་བོར་བཤད་དགོས་བ་ཞིག་ལ་དད་པ་ནི་ངའི་ཉལ་སའི་ནང་གི་རྩེད་ཆོས་མིན།
ངའི་མཛངས་མའི་མིང་བྱང་དེ་གནའ་སྔ་མོ་ཞིག་ནས་རུལ་ཟིན་ལ་མོ་ལོ་ཉི་ཤུའི་ལང་ཚོའང་ད་ལྟ་རྒས་བཞིན་ཡོད་པས། དོན་ངོ་མར་ཁྱོད་ཀྱིས་ངའི་གྲིབ་གཟུགས་ལ་ལྟས་ཏེ་ཅི་ཞིག་འཚོལ་བཞིན་ཡོད། རང་ཉིད་སད་མ་ཐུབ་པའི་ན་ཟུག་དེ་ངའི་མགོ་ལ་འཇོག་དོན་ཅི། དྲང་མོར་བཤད་ན་བརྙན་འཕྲིན་གྱི་སྒེའུ་ཁུང་ལས་མཐོང་བའི་འཛུམ་མདངས་དེ་ངའི་ཆེད་ལས་ཡིན་ལ་ང་རང་སྒེའུ་ཁུང་དེའི་རྒྱག་ལོགས་སུ་ཡོད།
ཁྱོད་ཀྱི་སྙན་ངག་མིན་པའི་སྙན་ངག་དེ་དག་མཐོང་ཐེངས་རེར། ངས་རྒྱལ་ས་ལྷ་སའི་བར་སྐོར་ལ་འཚང་བའི་བོད་མི་སྤྲང་བོ་དེ་དག་ཤིན་ཏུ་དྲན་ནའང་ང་རང་རྗེ་བཙུན་སྒྲོལ་མ་མིན་ལ་རྒྱལ་བོ་དྲི་མེད་ཀུན་ལྡན་དེ་བས་ཀྱང་མིན། འགྲོ་སོང་མེད་པའི་སྦྱིན་པ་ཞིག་གཏོང་རོགས་མ་ཟེར། ངའི་མིད་ཐག་ཕྲ་མོ་འདི་ཟ་ལོབས་སུ་སོང་ཡོད་ནའང་སྐྱུག་ལོབས་སུ་སོང་མེད།
མེ་ཏོག་དང་ཁ་བ་མཉམ་དུ་བཞད་པའི་ལོ་ཟླ་དེ་ཁ་བའི་རྨི་ལམ་ཡིན་པ་ཤེས་ནའང་། ངའི་བྲང་གཞུང་འདི་དབྱར་ཟླ་དྲུག་པའི་མེ་ཏོག་གི་ཕ་ས་ཞིག་ལས་རྩྭ་སྐྱ་ཁ་བས་བཀབ་པའི་སྤང་ཐང་ཞིག་ནམ་ཡང་ཡིན་མི་སྲིད། མེ་ལོང་གི་མདུན་ན་མགོ་གཞུག་མེད་པའི་བསམ་གཞིགས་ཀྱི་བང་རིམ་བསྒྲིགས་ཏེ། རྩྭ་སྐྱ་ཁ་བས་བཀབ་པའི་སྤང་ཐང་ན་མེ་ཏོག་གི་འདབ་ལོ་འཚོལ་བའི་སྙན་ངག་པ་ལགས། ངའི་འཇིག་རྟེན་གྱི་ལྷིང་འཇགས་མ་དཀྲོག་རོགས། ང་ལའང་ངའི་རྨི་ལམ་ཡོད།
སྙིང་གཏམ་དང་ཁྲག་གཏམ་གང་ཡིན་མི་ཤེས་བའི་ཁྱོད་ཀྱི་སྐད་ཆ་དེ་དག་ངས་གོ་སོང་། ཚིག་གཅིག་གིས་མདོར་བསྡུས་ནས་བཤད་ན། ཁྱོད་ཀྱི་སྐད་ཆ་དེ་དག་སྙིང་གཏམ་ཡིན་ཚེ་ཁྱོད་རང་སྙིང་རྗེ་ཟེར་འདོད་བྱུང་ལ། གལ་ཏེ་ཁྲག་གཏམ་ཡིན་ཚེ་ང་ཡང་མཛེས་མ་ཡ་མེད་ཅིག་མིན་ནའང་མཛངས་མ་ཡ་མེད་ཅིག་ཡིན་ཞེས་སྟོང་ལབ་ཐུང་ཐུང་ཞིག་ཀྱང་རྒྱག་འདོད་བྱུང་།
