ནོ་ནོ་ནོ། ཨོ། མ་ཡེ་ལྒ་ཀྲི།

༄༅།། ཨ་ཕས་ངའི་ངོ་ལ་བལྟས་ཏེ་འཛུམ་ཙམ་བྱས་ནས་ ད་ངའི་ཞི་ལི་ལག་ཆགས་ཀྱིན་འདུགཟེར་ལ་དེ་ནས་ཅུང་ཙམ་འགོར་རྗེས་དབུགས་རིང་ཞིག་འཐེན་བཞིན། ཞི་ལི། ད་རང་དགར་འདུག་རན་མ་རེད་ཡ། ཕོ་ལོ་ལྔ་གསུམ་བཅོ་ལྔར་བུད་རྗེས་བློ་ཕ་ལ་མི་འདྲི། ཟས་མ་ལ་མི་སློང་ཟེར་སྲོལ་ཡོད་ནི་རེད། ཁྱོད་ཚོ་ཚང་མ་ངས་གཉོར་ཏེ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་བཟོས་ཡོད། ད་ང་ར་ཆུང་རྒྱུ་ཡོད་ནི་མ་རེད། ལོ་བདུན་ཅུ་དོན་དྲུག་རེད། ང་ཡོད་པའི་རིང་ལ་ཡུར་མ་ཡུར་སྟངས་དང་ཡུར་ཆུ་འདྲེན་སྟངས་ཙམ་ཤེས་བ་བྱོས། མ་མཐར་ཡང་རྩམ་སྐྱ་མི་འཆད་པའི་ཐབས་ཤེས་ཙམ་ལོས་དགོས། ཁྱོད་ཚོས་རང་ཁ་རང་གསོ་བྱེད་ཐུབ་པ་བྱུང་ན་ང་ཡང་བློ་བདེ་མོ་རེད་ ཟེར། ངས་ཨ་ཕའི་གདོང་ལ་ཅེར་ཏེ་ཁྱོད་རང་ན་ཡི་འདུག་གམ་ ཞེས་དྲིས་བ་ན། ཨ་ཕ་གད་མོ་དགོད་བཞིན་ད་ལྟ་ང་རང་གཟུགས་པོ་ཐང་ཐང་ཡིན་ཞེས་གསུངས་བས་ང་ལ་གཉིད་ལྷོད་པོ་ཞིག་ག་ལེར་བབས་སོང་།

དྲང་མོར་བཤད་ན་ད་དུང་ངའི་ཨ་ཕའི་ལུས་སེམས་གཉིས་ཀ་བདེ་ཐང་ཡིན། ཁོང་གིས་ངེད་ཚང་གི་ཁྱིམ་ཚང་སྐྱོང་ཐུབ་པ་མ་ཟད་ཁྱིམ་མཚེས་ཚང་མར་ཡང་རོགས་རམ་བྱེད་ཐུབ་ཀྱིན་ཡོད་པས་ང་ཚོར་བྲེལ་བ་ལང་དོན་མེད། གལ་ཏེ་ཕུ་བོས་ཁྱིམ་ཚང་གི་འགན་ཁུར་ནའང་མི་ཆོག་པ་མེད་མོད་ང་ཚོའི་སེམས་ཁུར་བྱེད་ས་དེ་ཁྱིམ་བདག་གི་མིང་བརྗེས་བ་ཙམ་མ་ཡིན་པར་ཁྱིམ་མིང་ཡང་བརྗེས་དགོས་བའི་ཨ་ཕའི་བསམ་ཚུལ་དེ་ཡིན། ད་ལྟ་ཕྱོགས་ལས་རྣམ་རྒྱལ་ཚང་ཞེས་བའི་ཁྱིམ་མིང་འདི་སུས་ཀྱང་ཤེས་བའི་ཚད་ལ་སླེབས་ཡོད། ཡིན་ནའང་ང་ཚོའི་ཁྱིམ་མིང་འདི་ཕྱོགས་ལས་རྣམ་རྒྱལ་ཚང་ནས་གསལ་ལེ་རྒྱལ་ཚང་ལ་བསྒྱུར་དགོས་བ་དེར་ང་ཚོས་སེམས་ཁུར་བྱེད་བཞིན་ཡོད།

ཨ་ཕའི་དྲིན་ལ་ང་ཚོ་ཚང་མ་ཁ་རྒྱགས་བཤད་དེ་ལྷོད་ལྷོད་བྱས་ནས་འདུག་ཆོག་ཆོག་ཡིན། མཚམས་མཚམས་ལ་ང་ཚོས་ལས་ཀ་བྱེད་ཀྱིན་ཡོད། ང་ཚོའི་ལས་ཀ་ནི་གསོལ་འདེབས་བྱེད་པ་དང་སྨོན་ལམ་རྒྱག་པ་སོགས་ཧ་ཅང་སྟབས་བདེ་ཡིན། ནམ་རྒྱུན་སྔ་མོ་མལ་ལས་ལངས་མ་ཐག་ཡོན་ཆབ་འབུད་ཀྱིན་ཡོད་ལ་དེ་དང་མཉམ་དུ་མིག་གཉིས་ཤུགས་ཀྱིས་བཙུམས་ནས་གསོལ་བ་ཡུན་རིང་ལ་འདེབས་ཀྱིན་ཡོད། དགོང་མོའང་དེ་ལྟར་ཡིན། འདི་ནི་ང་ཚོའི་ལས་ཀ་ཡིན་ལ་ལས་ཀ་ཧ་ཅང་སྟབས་བདེ་ཞིག་ཡིན། ང་ཚོས་འདི་ལས་ལྷག་པའི་ལས་ཀ་ཅི་ཡང་མི་ཤེས་ལ་ཤེས་དགོས་དོན་ཡང་མེད། ལས་ཀ་གཞན་ཚང་མ་ཨ་ཕས་བྱེད་ཐུབ་ཀྱིན་ཡོད། ང་ཚོའི་ཨ་ཕ་ནི་རྒྱལ་བོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནང་ན་དངོས་སུ་གསལ་བའི་ནོར་བུ་དགོས་འདོད་ཀུན་འབྱུང་ཟེར་བ་དེ་ཡིན། མི་ལ་ལས་འཕགས་པ་སྤྱན་རས་གཟིགས་ཀྱང་ཟེར་མོད་དེའི་ནང་དོན་ཅི་ཡིན་ངས་མི་ཤེས།

སེམས་ཁུར་སོ་མ་ཞིག་ཐག་རིང་ནས་ཐག་ཉེར་ཡོང་བཞིན་པ་ནི་གལ་ཏེ་ང་ཚོར་ཨ་ཕ་མེད་ཚེ་གསོལ་བ་འདེབས་ས་མེད་ལ་གསོལ་བ་འདེབས་མཁན་ཡང་མེད་པ་དེ་ཡིན། གསོལ་འདེབས་ནི་ང་ཚོའི་ཆེད་ལས་ཡིན་ལ་ང་ཚོ་ཚང་མ་ཆེད་ལས་འདི་ཁོ་ནའི་སྟེང་ན་འཚོ་བཞིན་ཡིན། ང་ཚོའི་ཆེད་ལས་དང་ང་ཚོའི་ཨ་ཕ་གཉིས་ངོ་བོ་གཅིག་ཏུ་གྲུབ་ཡོད་པས། གལ་ཏེ་ཨ་ཕ་མེད་ན་ང་ཚོར་ཆེད་ལས་ཀྱང་མེད། ཡིན་ནའང་ང་ཚོའི་ཨ་ཕ་ད་དུང་ཡུན་རིང་བོར་འཚོ་ཐུབ་པ་ང་ཚོར་ཡིད་ཆེས་ཡོད། ང་ཚོས་གསོལ་བ་འདེབས་ཀྱིན་ཡོད་པས་ཡིན་ལ་ང་ཚོས་སྨོན་ལམ་ཡང་རྒྱག་གིན་ཡོད་པས་ཡིན། ང་ཚོས་གསོལ་བ་ཕུར་ཚུགས་སུ་འདེབས་ཤེས་བ་མ་ཟད་ང་ཚོས་གསོལ་བ་ཨུ་ཚུགས་ཀྱིས་ཀྱང་འདེབས་ཤེས་བས་ཡིན། ང་ཚོ་ཆེད་ལས་འདིའི་སྟེང་ནས་ཁྱད་ལས་བའང་ཡིན་པས་ང་ཚོར་རང་ཉིད་ཀྱི་ལས་ཀར་ཡིད་ཆེས་ཡོད།

ཡུར་ཆུ་དྲངས་ནས་ཡུར་མ་ཡུར་སྟངས་དེ་རྩམ་སྐྱ་མི་འཆད་པའི་ཐབས་སུ་བཟང་ནའང་དེ་ནི་སྤྱི་ཚོགས་རྙིང་བའི་ཤུགས་ལས་བྱེད་སྟངས་ཤིག་ཡིན་པས་ང་ཚོས་རྩམ་སྐྱ་ཙམ་རག་ཐབས་སུ་ཤུགས་ལས་བྱེད་འདོད་མེད་ལ། ང་ཚོར་ཀླད་ཤུགས་ངལ་རྩོལ་གྱི་གོམས་འདྲིས་ཀྱང་མེད་པས་ང་ཚོར་འོས་བ་ནི་གསོལ་འདེབས་ཁོ་ན་ཡིན། ཡིན་ནའང་ཨ་ཕས་ཁྱིམ་ཚང་གི་མིང་བརྗེས་དགོས་བར་བཤད་པ་དེའང་མདོར་བསྡུས་ན་ང་ཚོའི་ཆེད་ལས་ལ་འགྱུར་བ་བཏང་ཏེ་ཀླད་ཤུགས་ངལ་རྩོལ་གྱི་ངོ་བོར་བསྒྱུར་འདོད་པ་དེ་ཡིན་པས་ང་ཚོར་རང་ཉིད་ལ་འཚམས་པའི་གསོལ་འདེབས་ཆེད་ལས་ཀྱི་འཚོ་ཐབས་སྟབས་བདེ་འདི་དཀའ་ཁག་ཅན་གྱི་འཚོ་བར་བསྒྱུར་འདོད་མེད། འཛམ་གླིང་མི་དམངས་ཀྱིས་ལུས་ཤུགས་ངལ་རྩོད་ནས་ཀླད་ཤུགས་ངལ་རྩོད་དང་། ཀླད་ཤུགས་ངལ་རྩོད་ནས་གློག་ཤུགས་ངལ་རྩོད་དུ་བསྒྱུར་བའང་རང་ཉིད་ཀྱི་འཚོ་བ་སྟབས་བདེ་ཅན་དུ་བསྒྱུར་བ་ཙམ་ལས་གཞན་ཅི་ཡང་མིན་པས། ང་ཚོས་རང་ཉིད་ལ་དབང་བའི་འཚོ་ཐབས་སྟབས་བདེ་འདི་དཀའ་ཁག་ཅན་དུ་བསྒྱུར་འདོད་མེད།

ངས་རང་ཉིད་ཀྱི་སེམས་ཤུགས་དང་ཁ་ཤུགས། ལྕེ་ཤུགས་སོགས་ཡོད་ཚད་བཀོད་ནས་བཤད་མཚམས་འདིར་སླེབས་པ་དང་ངའི་རྒན་མོས‘‘ནོ་ནོ་ནོ། ཨོ། མ་ཡེ་ལྒ་ཀྲི ’’ཡིན་ན་ཅིག་ཟེར་བཞིན་མགོ་བོ་ཐད་དུ་གཡུག་གིན་འདུག ངོ་མ། མྱི་སྐད་བཤད་ཀྱང་མ་གོ་ན་ཐབས་ཤེས་མི་འདུག

 

 

  • loading
Pages to the People

ངས་ནམ་ཡང་བརྗེད་མི་ཐུབ་པ་ཁྱོད་ཡིན།། ངས་ནམ་ཡང་བརྗེད་མི་ཐུབ་པ་ཁྱོད་ཡིན།།